Post Page Advertisement [Top]

མི་ལུས་རིན་པོ་ཆེ་འདི་ འཐོབ་པར་དཀའ་བའི་ལུས་བརྟེན་ཁྱད་པར་ཅན་ཅིག་ཨིན། དེ་ཡང་ རྒྱུ་ཚུལ་ཁྲིམས
རྣམ་པར་དག་པས གཞི་བཟུང་། དཔེ་རུས་སྦལ་མིག་ཏོ་ཞརཝ་ གཉའ་ཤིང་གི་དོང་ནང་ཚུད་དོ་བཟུམ་དང་
གྲངས་ལས་བཅད་རུང་ཉི་མའི་སྐར་མ་བཟུམ་ཅིག་ཨིན། དེ་འབདཝ་ལས་ མི་ལུས་འདི་རིན་ཆེན་ནོར་བུ་དང་
འདྲཝ་ཨིན།

དལ་འབྱོར་ལྡན་པའི་ལུས་བརྟེན་འཐོབ་མི་ཚུ་གིས་ དགེ་སྡིག་གི་ལཱ་ག་ཅི་ཡང་འབདཝ་ཨིན། ཞི་བ་ལྷས་
སེམས་ནི་ཀུན་ལ་དབང་འགྱུར་རྒྱལ་པོ་འདྲ།། ལུས་ནི་དགེ་སྡིག་ཀུན་གྱི་གཡོག་པོ་ཡིན།། ཟེར་གསུངས་དོ་
བཟུམ་ཨིན། ལ་ལོ་ཅིག་བདེ་བའི་རྒྱུ་དགེ་བ་དང་ སྡུག་བསྔལ་གྱི་རྒྱུ་སྡིག་པ་ཨིནམ་ཤེས་རུང་ སྤྱོད་མ་ཤེས་པ་
ཡོདཔ་ཨིན། དཔེར་ན་ བཛྲ་གུ་རུ་བགྱངས་པ་ཅིན་ ཚེ་འདིའི་བར་ཆད་སེལ་ཚུགསཔ་ཨིན། གལ་སྲིད་
མ་བགྱངས་པ་ཅིན་ ཚེ་འདི་ལུ་ནད་མང་ སྡུག་བསྔལ་ཆུའི་རྒྱུན་བཟུམ་སྦེ་ཆད་ནི་མེདཔ་ཨིན། ནི་འབདཝ་ལས་
གཞན་ཕན་དགེ་བའི་ལཱ་འདི་མ་གཏོགས་ བདེ་བ་དང་ཐར་པ་འཐོབ་པའི་ཆོས་གཞན་ཅིག་མེདཔ་ཨིན།

བཛྲ་གུ་རུ་བགྱངས་པ་ཅིན་ ཕན་ཡོན་སྦོམ་ཡོད། དེ་ཡང་ གུ་རུ་རིན་པོ་ཆེའི་ཞལ་ལས་ སྙིང་ཁོང་རུས་པའི་གཏིང་
ནས་ང་ཉིད་ལ།། གསོལ་བ་བཏབ་ན་པདྨ་ང་ཉིད་ཀྱིས།། ཟངས་མདོག་དཔལ་གྱི་རི་བོ་རྩེ་མོ་ནས།། ཁྱིའུ་ངུ་ལ་ཕ་
མས་མི་བཟོད་ལྟར།། བརྩེ་སེམས་ལྡན་པས་དད་ལྡན་ཚོགས་ཁང་དུ།། སྤྲུལ་པ་སྣ་ཚོགས་དུ་མའི་ཆ་ལུགས་སུ།།
སྤྲུལ་ནས་འོང་བས་དོན་དེ་གོ་བར་གྱིས།། ཟེར་ང་ལུ་དད་པ་བསྐྱེད་དེ་གསོལཝ་བཏབ་པ་ཅིན་ དཔེར་ན ཨ་ལོ་
སྔུ་སྟེ་སྡོད་མི་འདི་ལུ་ ཕམ་གྱིས་བཟོད་མ་ཚུགས་པའི་ སེམས་ཡོད་དོ་བཟུམ་འབད་ ང་གིས་བརྩེ་བའི་སྙིང་རྗེ་གི་
ངང་ལས་ སྤྲུལ་པ་སྣ་ཚོགས་ཀྱི་ཐོག་ལས་ སྐྱབས་མཛད་པ་བྱོན་འོང་ཟེར་གསུངས་ཡོདཔ་ཨིན། ལྷག་པར་དུ་ཡང་
སྙིང་ཁོང་རུས་པའི་གཏིང་ལས་ ཨོ་རྒྱན་གུ་རུ་མཆོག་གི་བཛྲ་གུ་རུ་བགྱངས་པ་ཅིན་ སྣང་སྲིད་ལྷ་་འདྲེ་ཐམས་ཅད་
བཀའ་བཞིད་དུ་བསྒྲུབ་ཚུགསཔ་ཨིན། དེ་འབདཝ་ལས་ ཆོས་ཀྱི་སྙིང་པོ་བཛྲ་གུ་རུ་བགྱངས་དགོ།

ང་བཅས་ མི་ཆེ་འབྲིང་ཆུང་གསུམ་གེ་ར་གིས་ བཛྲ་གུ་རུ་བགྱངས་དགོཔ་ཨིན། གུ་རུ་རིན་པོ་ཆེ་གིས་ཞལ་ལས་
ང་ཉིད་དྲན་དང་སྒོམ་པ་ཙམ་གྱིས་ཀྱང་།། རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེས་སྐྱོབས།། གསང་སྔགས་ཕྱི་ནང་
ལྷ་ཚོགས་ཐམས་ཅད་ཀྱིས།། དབང་བསྐུར་བྱིན་རླབས་དངོས་གྲུབ་སྟེར་བར་བྱེད།། མ་མོ་མཁའ་འགྲོ་ཐམས་ཅད་
སྤྲིན་ལྟར་འདུ།། བཀའ་སྲུང་ཆོས་སྐྱོང་ཐམས་ཅད་བྲན་ལྟར་ཉན།། སྣང་སྲིད་ལྷ་འདྲེ་ཐམས་ཅད་བཀའ་བཞིན་
བསྒྲུབ།། ཡོན་ཏན་ཐམས་ཅད་ང་ཉིད་བསྒྲུབས་པས་གྲུབ།། དངོས་གྲུབ་ཐམས་ཅད་ང་ཉིད་བསྒོམས་པས་ཐོབ།།
ཕྲིན་ལས་ཐམས་ཅད་ང་ཉིད་བསྒོམས་པས་ཐོབ།། ཟེར་གསུངས་དོ་བཟུམ་ཨིན། པདྨ་འབྱུང་གནས་མཆོག་
སངས་རྒྱས་གེ་ར་གི་སྐུ་གསུང་ཐུགས་དབྱེར་མེད་པའི་བླམ་ཨིནམ་ལས གསོལཝ་བཏབ་པ་ཅིན་ ཕྱི་ནང་གསང་
གསུམ་གྱི་ལྷ་ཚོགས་ཐམས་ཅད་ཀྱིས་བྱིན་རླབས་གནངམ་ཨིན། ནི་འབདཝ་ལས་ མཆོག་དང་ཐུན་མོང་གི་དངོས་
གྲུབ་བསྩལ་དུ་གསོལ་ཟེར་ གསོལཝ་བཏབ་དགོཔ་ཨིན།

བཛྲ་གུ་རུ་འདི་ ཨྱོན་རིན་པོ་ཆེའི་གསུང་ཕྲིན་བྱིན་རླབས་ཅན་ཅིག་ཨིན། དེ་བགྱངས་པ་ཅིན་ ཚེ་འདིའི་བར་ཆད་
སེལ་ནི་དང་ ནད་ཉུང་ བདེ་སྐྱིད་ལྡན་ རང་གི་བྱ་བ་ལམ་འགྲོ་ཚུ་བསྒྲུབ་ཚུགས་པའི་ནུས་པ་ སྦོམ་ཡོད།
དེ་འབདཝ་ལས་ བཛྲ་གུ་རུ་དེ་ཚེ་འདི་ཕྱི་གཉིས་ཀར་ ཕན་པའི་ཆོས་ཡང་དག་ཅིག་ཨིན།

2 comments:

Anonymous said...

འགྲོ་བ་རིགས་དྲུག་སེམས་ཅན་ཡོངས་ཀྱི་དོན་ལུ་ ག་ནིཧ་བ་ཕན་ཐོགས་པའི་ བསླབ་བྱ་དང་འདྲ་བའི་བསམ་འཆར་བཀོད་མི་ལུ་ རྗེས་སུ་ཡིད་རངས་བཅསཔ་སྦེ་བཀའ་དྲིན་ཆེ་ཟེར་ཞུ་ནི་ཨིན་ལགས།

Unknown said...

@ langa བསམ་འཆར་བཀོད་གནང་མི་འདི་ལུ་ ཧིང་གདང་མའི་དཀྱིལ་ལས་རང་བཀྲིན་དགའ་ འཚོར་ཡོད་། ཨིན་རུང་ང་རང་གི་མདོག་གསལ་ལྡུམ་དྲག་ཅིག་ཞུ་བ་ཅིན་ ན་མཁྱེན་ལྡན་ཡོངས་ལུ་ བསླབ་བྱ་བྱིན་དུ་རུང་བའི་ ཡོན་ཏན་རང་ལུ་མེདཔ་ལས་ འདི་ཚུ་བསླབ་བྱ་མེན་པར་ ཐུགས་ཀྱིས་དྲན་གསོ་ ཨིནམ་ཐུགས་ཁར་བརྣམ་གནང་། བཀྲིན་ཆེ་། ཞལ་ཡང་ཡང་མཇལ་བའི་སྨོན་ལམ་ཞུ།།

Bottom Ad [Post Page]

| Designed by Colorlib